top of page

 ༄༅།། དམྱལ་བའི་ཡུལ་དང་རྡུལ་ཕྲན་མཚོན་ཆ།

       地狱与核武器

 

ང་ལ་རྡུལ་ཕྲན་མཚོན་ཆ་ཞིག་འཕེན་རྒྱུའི་གོ་སྐབས་དེ་བྱུང་ན། ཐེ་ཚོམ་ཅི་ཡང་མེད་པའི་ངང་མཚོན་ཆ་དེ་དམྱལ་བའི་ཡུལ་ཟེར་བ་དེ་ལ་འཕེན་ས་རེད། གལ་སྲིད་ཡུལ་དེ་འདྲ་ཞིག་ཡོད་ན་དང་། ཡུལ་དེ་འདྲ་ཞིག་བརྙེད་སོང་ན། 

གལ་སྲིད་དམྱལ་བ་ཟེར་བ་དེ་རང་སྟེང་དུའམ་རང་གི་སེམས་རྒྱུད་ན་གནས་ཡོད་པ་ཞིག་ཡིན་ཚེ། ལྷ་ཡུལ་ཡང་རང་སྟེང་ངམ་རང་གི་སེམས་ཁོང་དུ་གནས་བསྡད་ཡོད་པ་ཞིག་ཡིན་པ་གཏན་ཁེལ་ཡིན་པས། རྡུལ་ཕྲན་མཚོན་ཆ་ཁྲི་ཚོ་སྟོང་ཕྲག་ཅིག་ཡོད་ཀྱང་ཕན་ནུས་གང་ཡང་མེད་དོ།

如果我能拥有投放一次核武器的机会,我将会毫不犹豫的把它投放到我们通常所说的地狱中去,如果确实存在这样一个地方和寻到了这个地方......

如果地狱只是在自己的意念中,自然的那天堂也会在自身中。那么即使有千万个核武器,也无济于事。 — འདྲེ་ཐོའི་བསམ་ཚུལ་ཙམ་ཞིག 2020-08-15 ལ།

 

 ༄༅།། ལོ་རྒྱུས་དང་ང་ཚོ།

 

སྔར་ང་ཚོས་འཛམ་པོའི་གླིང་མ་ཤེས་པས་རྒུད། འཛམ་པོའི་གླིང་གིས་ཀྱང་ང་ཚོ་མ་ཤེས་པས་དོར། དེང་སང་ང་ཚོས་འཛམ་གླིང་འདི་ཤེས་པས།རང་ཉིད་རྒུད་ཡོད་པ་དང་རྒུད་རྐྱེན་དེ་རྟོགས་བཞིན། འཛམ་གླིང་འདིས་ཀྱང་ང་ཚོའི་སྐོར་དེ་རག་ཙམ་རེ་ཤེས་བཞིན་ཡོད་མོད། འོན་ཀྱང་གཞན་གྱིས་རྫུན་བཟོ་བྱས་པའི་ང་ཚོའི་ལོ་རྒྱུས་དང་ང་ཚོའི་གནས་སྟངས་དེ་རྐྱང་རྐྱང་རེད་མ་གཏོགས། དོན་དངོས་ཀྱི་ང་ཚོའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་སྐྱོ་བོ་དེ་ད་དུང་ཤེས་མཁན་ཉུང་ཉུང་ཞིག་རེད་འདོད་ཀི་ཡོད། དེས་ན་ང་ཚོ་བོད་པ་ཚང་གི་ཡིག་སྒྱུར་བ་དང་ལོ་རྒྱུས་སྨྲ་བ།མཁས་པ་དང་མཁས་པ་ཡིན་འདོད་མཁན་དག་གིས། བློ་གཟི་བོར་གནས་ཏེ། ཡིག་སྒྱུར་དང་བརྩམ་ཆོས་སྤེལ་རྒྱུ་དེ་གཙོ་བོ་ཞིག་རེད་འདོད་ཀི་ཡོད་ལགས། — ཐོ་ཐོའི་བསམ་ཚུལ།

 

 

༄༅།། འཇོན་ཐང་དང་ནུས་པ། མི་གཞི་དང་ཀུན་སྤྱོད།

 

ནུས་པར་མ་བརྟེན་འཇོན་ཐང་ལྷག་མ་ཞིག།

ལོགས་སུ་དགར་རྒྱུ་ཡོད་དམ་ཀླད་སྟོང་ཚོ།།

ནུས་པ་ཉམས་པའི་ཕོ་མཚན་བཟོ་ལྟ་ཙམ།།

བྷ་གའི་བདག་མོར་འཇོན་ཐང་ཇི་ལྟར་ངོམ།།

 

འཇོན་གི་བསམས་པའི་སེམས་ཤུགས་ཡོད་ཀྱང་རུང་།།

ནུས་པ་མེད་ཚེ་འཇོན་ཐབས་ཡོད་དམ་ཀྱེ།།

མི་གཞིའི་བཟང་ངན་འབྱེད་བྱེད་ཀུན་སྤྱོད་དེ།།

ཀུན་མཐུན་ཀུན་སློང་ཡོད་པས་ཕན་ནམ་ཀྱེ།།

 

སྤྱིར་ན་སྤྱོད་པར་གནོད་སེམས་མེད་པ་དང་།།

བསྒྲུབས་པས་གང་ལ་གནོད་འཚེ་མི་གཏོང་བ།།

བརྗོད་པས་འབངས་ཀྱི་སེམས་ཁམས་མི་དཀྲུག་པ།།

འདི་དག་གནའ་ནས་མི་གཞི་བཟང་བོར་གྲགས།།

 

འོན་ཀྱང་རྒྱལ་ཁབ་ཤོར་བའི་ངེད་ཅག་ཚང་།།

སྲིད་དང་དམག་དོན་དཔལ་འབྱོར་བདེ་འཇགས་བཅས།།

གནས་སྟངས་ཤིན་ཏུ་སྐྱོ་ལ་ཤིན་ཏུ་བཙོག།

འདི་འདྲའི་སྐབས་སུ་འཇོན་ཐང་ནུས་པ་གཙོ།།

 

ཀུན་སློང་བཟང་ཡང་སྤྱོད་སྟངས་མ་ཤེས་ཚེ།།

སྐྱོན་ལ་མཐོང་བ་ཆེ་ཆེར་མཐོང་བྱས་ཏེ།།

དེ་མ་ཐག་ཏུ་ཕ་རོལ་མི་བུ་དེ།།

ནག་པོ་ནག་རྐྱང་བཟོ་བར་ཡ་ང་མེད།།

 

རྒྱལ་ཁབ་མེད་ཅིང་ཐོབ་ཐང་མེད་མཁན་གྱི།།

ངེད་ཅག་ཁ་བའི་འབངས་འདིའི་ཀུན་སྤྱོད་ཁྲོད།།

རྒྱལ་ཞེན་རིགས་ཞེན་ཡོད་ཚེ་ཨ་མའི་བུ།།

ནུས་པ་འཇོན་ཐང་ཡོད་ཚེ་དེའི་ཕྱོགས་སོམས།།

 

དྲ་རྒྱའི་འཇིག་རྟེན་དམ་ལྷོད་ཟུང་འབྲེལ་བར།།

ངེད་ཅག་བོད་པ་གཞན་གྱི་རྩེད་ཆས་ཙམ།།

རང་དབང་དམངས་གཙོ་ཐོབ་ཐང་དབུ་མའི་ལམ།།

གླེང་ཐེངས་གཅིག་གིས་ནག་ཁུང་ནང་དུ་འདེད།།

 

རང་གི་རིགས་ལ་དམའ་འབེབས་སྐུར་འདེབས་དང་།།

ཆགས་བཤད་ཉོག་བཤད་བླ་བཙག་རྐང་འདྲེན་གཏམ།།

མདོ་མེད་ཉོག་གཏམ་ཁུངས་མེད་གཏམ་འཆལ་བཅས།།

ཇི་འདྲའི་མང་བོ་བཤད་ཅིང་ལྷོད་ཡངས་གཏོང་།།

 

སྤྱིར་ན་གྲུབ་མཐའ་ཆོས་རྒྱུད་ཆོལ་ཁ་བཅས།།

རྒྱལ་ཁབ་ཤོར་བའི་ངེད་ཚང་བོད་པ་ལ།།

བརྩད་ཀྱང་དེ་འདྲའི་ཕན་ཐོགས་ཆེ་ཆེ་ཞིག།

འདྲེ་ཐོ་ང་ཡིས་བལྟས་ན་མེད་པ་འདྲ།།

 

འགའ་རེའི་མིག་ལ་འགའ་རེ་ལྟ་ལོག་པ།།

འགའ་རེའི་སེམས་ལ་འགའ་རེ་ཕུང་དཀྲུག་མཁན།།

དོན་གྱིས་སུ་དང་གང་ཞིག་དེ་འདྲེའི་རིགས།།

ཡིན་དང་མིན་ཞེས་བརྗོད་རྒྱུ་དཀའ་མོ་ཞིག།

 

ཞི་བའི་ངང་ནས་རྒྱལ་ཁབ་རྩོད་པ་དང་།།

དྲག་པོའི་ངང་ནས་གཏམ་བརྗོད་སྤེལ་བ་ལ།།

ནང་འགལ་ཡོད་མེད་ངས་ནི་ཤེས་མ་སོང་།།

འཚོ་གནས་སྨྲ་བའི་མི་བུར་བཀའ་དྲིན་ཆེ།།

 

རང་གི་རྒྱལ་ཁབ་དང་ནི་མི་རིགས་ཆེད།།

གཞན་དང་བསྟུན་དགོས་ངེས་པ་ཡོད་མ་ཡིན།།

མི་གཞི་ཀུན་སྤྱོད་ཟེར་བ་ལྕགས་སྒྲོག་རེད།།

འཇོན་ཐང་ནུས་པ་སྟོན་སྟངས་བློས་མི་དཔོག།

ཅེས་འདྲེ་རྒན་པ་ཐོ་ཐོ་ནས། 2020.07.30

 

 

༄༅།། གྲོགས་བླ་མ་དང་ Swimming Pool

 

དེ་རིང་རྒད་པོའི་གདོང་ན་འཛུམ་དམུལ་དམུལ།།

དེ་རིང་རྒད་པོའི་སེམས་ན་སྐྱིད་ལྷིང་ལྷིང་།།

དེ་རིང་རྒད་པོར་ཡོང་འབབ་མང་རྒྱུ་རེད།།

དེ་རིང་རྒད་པོས་མཛེས་མ་མཐོང་རྒྱུ་རེད།།

 

ནམ་མཁའི་མདངས་ལྟར་སྔོ་ལྗང་འདྲེས་མའི་ཐང་།།

གཡུ་ཡི་མདོག་ལྡན་མཚེའུ་མངོན་ནས་ཡོད།།

ཁྲུང་ཁྲུང་དཀར་མོ་ལྟ་བུའི་མཛེས་མའི་ཚོགས།།

སྟག་ཤར་གཞོན་ནུའི་མིག་གི་དཔལ་དུ་མངོན།།

 

སྟག་ཤར་གཞོན་ནུ་བྱ་རྒྱལ་ཁྱུང་ཆེན་རེད།།

བདག་གི་ཆུང་མ་ཁྲུང་ཁྲུང་དཀར་མོའི་རྒྱན།།

ནེའུ་གསིང་མེ་ཏོག་བཀྲ་བའི་དགའ་ཚལ་དུ།།

བདག་ནི་གཡུ་སྦྲང་ཞིག་ཏུ་བརྫུས་ནས་ཡོང་།།

 

ཉི་མའི་འོད་ན་རླུང་བུས་གཡོ་བཞིན་པའི།།

ཚ་བའི་གདུངས་པ་འཇོམས་བྱེད་མཚེའུ་ནང་།།

བགྲེས་པོ་འདོད་ལྡན་རིགས་ནི་ཆུ་སྲིན་བཞིན།།

གསེར་ཉ་ལྟ་བུའི་ཁྱེད་ལ་རྔམ་ནས་ཡོད།།

 

ང་ཡི་ཆུང་མ་ཁྲུང་ཁྲུང་དཀར་མོ་ལགས།།

ཆུ་སྲིན་སྡེར་མོ་ཅན་ལ་གཤོག་པ་མེད།།

ཁྱེད་ནི་ཚ་བས་ཇི་ལྟར་མནར་ཡང་རུང་།།

ཕྱོགས་དེའི་མཚེའུ་ནང་དུ་མི་རྐྱལ་རོགས།།

ཞེས་འདྲེ་ཐོ་ཐོས། 29.07.2020

 

༄༅།། མཆོག་གྱུར་ཨ་མ།

 

འཛམ་གླིང་འདིའི་སྟེང་མཆོག་གྱུར་ཨ་མ་ཞེས།།

ཙི་གུ་འདི་ལ་ཕན་པའི་བྱ་དགའ་ཞིག།

ང་ཚོ་མི་ཡི་རིགས་ཀྱིས་འབུལ་འོས་ཤིག།

ཙིག་མ་བཞུགས་སའི་རྒྱལ་ཁམས་ཤེས་ན་འདོད།།

 

དམིགས་བསལ་ཙིག་ཁང་ཁོ་མོར་རྒྱག་ན་འདོད།།

ཙིག་ཕྲུག་རྣམས་དང་མཉམ་དུ་འདུག་བཅུག་སྟེ།།

ཟས་དང་ཆུ་བཅས་ལོ་ནས་ལོའི་བར་དུ།།

རྫོགས་མཐའ་མེད་པར་ཁོང་ཚོར་སྤྲད་ན་འདོད།།

 

ཁོ་མོས་ཙིག་ཕྲུག་བསྐྱབས་པའི་མཛད་རྣམས་དེ།།

བརྙན་དང་ཡི་གེའི་ལམ་ནས་ར་སྤྲོད་ཞོར།།

ང་ཚོ་མི་ཡི་རིགས་ཀྱི་ཀུན་སྤྱོད་དང་།།

བྱམས་བརྩེ་སྙིང་སྟོབས་སླར་གསོ་ཡོང་བར་བསྐུལ།།

.....

འདྲེ་ཐོ་ཐོས། ༢༠༢༠-༠༧-༢༡

 

 

 

༄༅།། མི་རིགས་ཤིག་གི་དཀོན་མཆོག་གསུམ།

 

མི་རིགས་སྲོག་རྩ་སྐད་ཡིག།

སྐད་ཡིག་སྲོག་རྩ་བོད་ཞེན།།

བོད་ཞེན་སྲོག་རྩ་མཐུན་སྒྲིལ།།

འདི་དག་མེད་ན་ཚར་འདུག།

ཅེས་འདྲེ་ཐོ་ཐོ་ངས་རང་གི་བསམ་ཚུལ་དང་བསྟུན་ཏེ་བྲིས་པ་འདིའི་གོ་དོན་ནི། མི་རིགས་ཤིག་ལ་མཚོན་ན། མི་རིགས་དེའི་སྐད་ཡིག་དང་། མི་རིགས་དེ་ལ་བཅངས་པའི་ཞེ་རྩིས་སམ་ཞེན་ཆགས། མི་རིགས་དེའི་རིགས་སུ་གྱུར་པ་ཡོངས་དང་མཐུན་སྒྲིལ་བྱེད་པ་སྟེ། དེ་དག་གསུམ་ནི་མི་རིགས་གང་ཞིག་ཡིན་ཡང་རུང་། མི་རིགས་དེ་ཉིད་མུ་མཐུད་དུ་གནས་ཐུབ་པར་རམ་འདེགས་བླ་ན་མེད་པ་བྱེད་ནུས་པའི་མི་རིགས་ཡོངས་སུ་རྫོགས་པས་མཐའ་གཅིག་ཏུ་མཉམ་རུབ་ཀྱིས་སྲུང་བརྩི་དང་རྒྱུན་སྐྱོང་ཡིད་ཆེས་སོགས་བྱེད་དགོས་པའི་མི་རིགས་ཤིག་གི་དཀོན་མཆོག་གསུམ་ཡིན་པར་འདོད་དོ།

དེ་བཞིན་དུ། ང་ཚོ་བོད་མི་རིགས་འདིའི་མི་སྒེར་བ་རེ་རེ་ལ་མཚོན་ན་དཀོན་མཆོག་གསུམ་ནི་སངས་རྒྱས་ཆོས་དགེ་འདུན་གསུམ་ཡིན་མོད།འོན་ཀྱང་མི་རིགས་ཤིག་གི་ཆ་ནས་མཚོན་ན། ང་ཚོས་སྲུང་བརྩི་དང་རྒྱུན་སྐྱོང་བྱེད་དགོས་པའི་དཀོན་མཆོག་གསུམ་ནི་བོད་མི་རིགས་རང་གི་སྐད་ཡིག་དང་། བོད་མི་རིགས་ལ་བཅངས་པའི་ཞེ་རྩིས་སམ་ཞེན་ཆགས་དང་། བོད་མི་རིགས་ཡོད་དོ་ཅོག་ལ་མཐུན་སྒྲིལ་བྱེད་རྒྱུ་དེ་ཡིན་འདུག་སྙམ་མོ། ཐོ་ཐོ་ནས། ༢༠༡༩-༠༧-༢༣ ལ།

 

 

༄༅།། ཐོ་ཐོའི་ཤིས་ཚིག

 

ཅི་ཞིག་བསམས་པ་གང་ཞིག་བསྒྲུབ་འདོད་པར།།

རང་གཞན་གཉིས་ནས་བར་ཆད་མི་འབྱུང་བར།།

རྐྱེན་ངན་བལྟས་ངན་ཅི་ཡང་མེད་པའི་ངང་།།

བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་ལམས་འདེབས།།

 

བསམས་པ་གང་དེ་ཀུན་དང་མཐུན་ནི་ཞིག།

བསྒྲུབས་པ་གང་དེས་ཀུན་ལ་ཕན་ནི་ཞིག།

མཛད་པ་དེ་འདྲ་སྤེལ་རྒྱུ་ཡོད་དམ་ཀྱེ།།

ཐོ་ཐོའི་ཤིས་ཚིག་དེ་འདྲའི་རིགས་ལ་འབུལ།།

 

རང་གི་རིགས་ལ་ཧ་ཅང་བྱམས་ནི་ཞིག།

བོད་འབངས་ཡིན་པའི་འདུ་ཤེས་ཡོད་ནི་ཞིག།

རྒྱལ་ཁབ་མེད་ཀྱང་རྒྱལ་ཞེན་འཛིན་ནི་ཞིག།

ཐོ་ཐོའི་ཤིག་ཚིག་འབུལ་ས་དེ་དག་ལགས།།

ཞེས་འདྲེ་ཐོ་ཐོ་ནས། ༡༨-༠༨-༢༠༢༠ ལ།

 

 

༄༅།། ལྷ་སའི་བར་སྐོར་མཐོང་ན་འདོད།

 

གང་ལ་བལྟས་ན་དེ་ཉིད་མཛེས།།

གང་དེ་བསམ་ན་དེ་ལ་དུངས།།

སུ་ཡིན་གང་ཡིན་མི་ཤེས་ཀྱང་།།

ཞེ་མཐུན་རོགས་ལོ་ཡིན་ན་བསམས།།

 

ལྷ་སའི་བུ་མོ་ལྷ་མོ་འདྲ།།

ལྷ་སའི་ཇོ་བོའི་བྱིན་རླབས་རེད།།

ལྷ་སའི་གྲོང་དུ་ཐོན་རྒྱུ་ན།།

ལྷ་མོར་མེ་ཏོག་འབུལ་ན་འདོད།།

 

ལྷ་ས་བོད་ཀྱི་ལྷ་ས་རེད།།

ང་ནི་ཇོ་བོའི་མི་སེར་རེད།།

ལྷ་སའི་ཇོ་བོའི་བྱིན་རླབས་ཀྱིས།།

ང་ནི་བོད་ལ་ལོག་ཏུ་ཆུགས།།

 

ལྷ་ས་རྒྱལ་བའི་ཕོ་བྲང་རེད།།

ལྷ་ས་བོད་མིའི་རྒྱལ་ས་རེད།།

ལྷ་སའི་བར་སྐོར་མཐོང་ན་འདོད།།

ལྷ་སའི་ཇོ་བོར་མཇལ་ན་འདོད།།

—- ཐོ་ཐོས། 2020.08.14

 

 

 

༄༅།། ཁ་བའི་འབངས།

 

ཁྱེད་ཐབ་རྡོ་གསུམ་པོའི་ནང་གི།

རྡོ་གཅིག་ལ་ཆ་ཡ་མེད་ཀི།

ཆ་བསྒྲིག་རྒྱུའི་བསམ་པ་ཡོད་ན།།

ང་རྡོ་ལུ་བརྗེད་ཀི་མ་འཇུག།

 

ཁྱེད་ངེད་གཉིས་བལ་དཀར་བསེད་མ།།

མཉམ་གཅིག་ཏུ་ཐི་གུ་བཟོ་རྒྱུའི།།

སེམས་བསམ་པ་ཁྱེད་ལ་ཡོད་ན།།

ང་སྐྱ་ཡར་འཇོག་རྒྱུ་མ་བརྗེད།།

 

ཁྱེད་ཞི་མོའི་ཁ་བའི་སྲས་མོ།།

ཁ་འབབ་པའི་ཉིན་མཚན་རེ་རེར།།

ངས་ཁ་བའི་ཡུལ་ལྗོངས་དྲན་གི།

ང་ཁ་བ་ཅན་གྱི་འབངས་རེད།།

ཅེས་ཐོ་ཐོ་ནས། @ ༡༩-༠༨-༢༠༢༠

 

 

 

༄༅།། ཁ་སང་དེ་རིང་སང་ཉིན་གསུམ།

 

མི་བུ་ཕལ་མོ་ཆེ་ཡི་བསམ་བློ་གཏོང་སྟངས་འདྲ།།

སང་ཉིན་ཁོ་ན་བསམས་ཤིང་ལུས་སེམས་རྒྱུག་འདུར་བྱེད།།

སྐད་ཆའི་ཟུར་ནས་ཉན་ན་དེ་རིང་ད་ལྟའི་དུས།།

ཁོང་དང་ཁོང་ཚོར་འབྲེལ་བ་ཅི་ཡང་མེད་པ་འདྲ།།

 

སང་ཉིན་བསླེབ་རེག་བར་དུ་ཁྱེད་ནི་འཚོ་ཐུབ་བམ།།

དེ་རིང་ཁྱེད་ནི་བཞུགས་པས་དེ་རིང་ཁྱེད་ལ་དབང་།།

ཁ་སང་སོང་ནི་ཚར་བས་ཁྱེད་ཀྱང་ཕྱིན་པ་འདྲ།།

དེ་རིང་གང་ཞིག་བསྒྲུབས་པར་འདས་དང་མ་འོངས་མཆིས།།

 

དེ་རིང་གསོན་ནས་ཡོད་ཚེ་ཁྱེད་ལ་བསོད་ནམས་ཆེ།།

སང་ཉིན་བསྒྲུབ་འདོད་ཡོད་པ་དེ་རིང་བསྒྲུབ་འགོ་རྩོམས།།

སང་ཉིན་འབྲས་བུར་བསམས་ཤིང་དེ་རིང་རྒྱུ་རུ་སྐྲུན།།

ཡོད་ཚད་སྐད་ཅིག་སྐད་ཅིག་ཅན་གྱི་རང་བཞིན་ནོ།།

 

དེ་རིང་བསམ་ན་སེང་ཉིན་ང་ནི་ཡོད་ཤག་བྱེད།།

སང་ཉིན་བསླེབས་དུས་སེང་ཉིན་དེའང་དེ་རིང་སྟེ།།

དེ་རིང་དེ་ལ་དེ་རིང་ཁྱེད་ནི་བཞུགས་སམ་ཀྱེ།།

སྐབས་འདིའི་དེ་རིང་སང་ཉིན་བསླེབས་ཚེ་རྨི་ལམ་ཙམ།།

ཞེས་འདྲེ་ཐོ་ཐོས། 10.07.2020

 

 

 

༄༅།། འདི་ལྟར་སོམས་དང་འདི་ལྟར་སྒྲུབས།

 

རི་མོའི་གཟུགས་སུ་བཀོད་པའི་ཐོ་བ་འདིས།།

མགོ་ལ་ཇི་ལྟར་བརྡུངས་ཀྱང་ན་ཟུག་མེད།།

ཐོ་བས་མགོ་ལ་བརྡུངས་ན་འཚམས་འདྲིར་སོམས་།

ཞོར་དུ་རང་ཉིད་རྔ་བོ་ཆེ་ལ་སྒོམས།།

 

པར་རིས་ཡིན་པའི་འགད་རྫས་འཕངས་ཀྱང་རུང་།།

དོན་དངོས་འགད་རྫས་དེ་ཡིས་འཚེ་མི་བྱ།།

རང་གི་སེམས་དེ་བརྟན་དུ་གནས་ཐུབ་ན།།

འགད་རྫས་དེ་འདྲའི་རིགས་ནི་རི་མོ་ཙམ།།

 

ཚིག་རྩུབ་མདའ་དང་མདུང་དང་རལ་གྲི་བཅས།།

ཕ་རོལ་ཕྱོགས་ནས་ཚུར་ལ་གཡུགས་ཀྱང་རུང་།།

རང་གི་སེམས་འདིའི་ནུས་པ་སྤྱད་བྱས་ཏེ།།

དེ་དག་མེ་ཏོག་གཟུགས་སུ་སྒྲུབས་ཤིག་ཀྱེ།།

—— ཐོ་ཐོ་ནས། 2020.06.30

 

 

༄༅།། མདེའུ་གཅིག ཐིག་ལེ་གཅིག

 

མདེའུ་གཅིག ཐིག་ལེ་གཅིག

སྲོག་གཅིག་ལ་མདེའུ་གཅིག

 

ཐིག་ལེ་ལ་ཐིག་ལེ།

 

མདེའུ་གཅིག་གིས་སྲོག་གཅིག

ཐིག་ལེ་གཅིག་གིས་ཚེ་སྲོག་གསར་པ་གཅིག

 

མདེའུ་སྲོག་ལ་སྦྱར།

ཐིག་ལེ་ཐིག་ལེ་ལ་སྦྱར།

 

མདེའུ་གཅིག་སོང་ཚར་ཕྱིན།

སྲོག་གཅིག་ཕྱིན་ཚར།

 

ཐིག་ལེ་གཅིག་གཏོར་ཚར་ཕྱིན།

ཚེ་སྲོག་གསར་པ་གཅིག་བྱོན་དང་འབྱོན་བཞིན།

 

མདེའུ་སྲོག་ཐོག་ན་ལྡིང་།

ཐིག་ལེས་ཐིག་ལེ་ལ་འཁྱུད།

 

མདེའུ་དེ་སྲ་མོ་སྲ་མོ་ཞིག

ཐིག་ལེ་དེ་སྙི་མོ་སྙི་མོ་ཞིག

 

ཐིག་ལེ་ལས་གྲུབ་པའི་ཚེ་སྲོག་སྙི་མོ་དེ།

རྣོ་ལྕགས་ལས་གྲུབ་པའི་མདེའུས་བཀྲོངས།

 

མདེའུ་གཅིག

ཐིག་ལེ་གཅིག

ལག་དམར་བརྒྱ་ཕྲག་ཅིག

—— ཐོ་ཐོས། 21.06.2020

 

༄༅།། དམག་རྒྱག་ཏུ་འགྲོ།

 

འདི་འདྲའི་དམག་འཁྲུག་རྒྱག་འདོད་མེད་ཀྱང་རུང་

ཞི་བདེ་ཡོང་བར་དམག་འཁྲུག་རྒྱག་སྲིད་པས

ངས་ནི་ཞི་བདེ་བསམས་ཤིང་དམག་ལ་ཞུགས

ངས་ནི་དགྲ་བོ བསད་དེ་ཞི་བདེར་བསྒུགས

 

ང་ཚོའི་བཙན་བྱོལ་གཞུང་གི་སྲིད་ཇུས་དང་། ལྷག་པར་དུ་ ༧ གོང་ས་ཡིད་བཞིན་ནོར་བུ་རྒྱལ་བ་རིན་པོ་ཆེ་ཚང་གི་ཐུགས་དགོངས་དེ་ནི། དུས་ནམ་ཡང་། གཞན་མི་རིགས་སུ་དང་གང་ལའང་འཚེ་བ་མི་བྱེད་པ་དང་། རང་མི་རིགས་ལ་གཞན་མི་རིགས་ཀྱིས་འཚེ་བ་བྱེད་དུ་མི་འཇུག་པ་དང་། དེ་ལས་ཐར་ཐུབ་པ་ལ་འབད་དགོས་པ་དེ་ཡིན། གཞན་མི་རིགས་ཀྱིས་བཟོས་ཚར་པའི་གནོད་པ་དང་གྱོང་། ཉམས་རྒུད་བཅས་ལས་ཐར་ཐུབ་པ་ལ། ང་ཚོ་བོད་མི་ཚོས་མི་རབས་ནས་མི་རབས་སུ་བོད་ཡིན་པའི་འདུ་ཤེས་དེ་མ་དོར་བར་འབད་བརྩོན་བྱེད་དགོས་པ་ཞིག་ཡིན་ནོ་སྙམ་མོ། མདོར་ན། ང་ཚོའི་གཞུང་གི་སྲིད་ཇུས་དང་བླ་མའི་ཐུགས་དགོངས་ནི་དབུ་མའི་ལམ་ཡིན་པས། ང་ཚོས་ཀྱང་དབུ་མའི་ལམ་དུ་རྒྱབ་སྐྱོར་ཡོད། ང་ཚོའི་ཕྱོགས་ནས་དམར་པོ་རྒྱའི་གཞུང་དེ་ལ། དུས་ནམ་ཡང་ཞུ་བས་ངོ་རྒོལ་ཡོད། འོན་ཀྱང་ང་ཚོས་རྒྱལ་ཁབ་འཕྲོགས་སོང་བའི་ཞེ་འཁོན་དང་ང་ཚོའི་ཕ་མས་ཡང་མས་བསད་སོང་བའི་དང་གསོད་མཁན་གྱི་ལག་དམར་དེ་སུ་ཡིན་པ་རྩ་བ་ནས་བརྗེད་ཀི་མེད།

 

༄༅།། མཁར་རྩེ་ཚང་གི་བཟའ་འཛོམས་ལ།

 

ཡག་གི་སྐྱིད་ཀི་འདོད་པའི་ཡུལ་ལྗོངས་དང་།། 

ངོ་མཚར་ཆེའོ་སྙམ་པའི་གནས་སྟངས་བཅས།། 

ཁ་པར་བརྙན་མིག་ནང་དུ་འདྲེན་འདོད་ན།། 

ཁ་པར་འཕྲེད་དུ་ཆོངས་ཞེས་བཤད་མྱོང་ཡོད།། 

 

དེ་རིང་ཁྱེད་ཚོའི་ཁྱིམ་དུ་བཟའ་འཛོམས་བྱེད།། 

བསམ་ན་ཁ་ཟས་གང་ཞིམ་ཟ་ས་རེད།། 

རྩེད་མོའོ་ཞོར་དུ་ཁ་རྩོད་རྒྱག་ཤས་ཆེ།། 

དེ་དག་བརྙན་མིག་ནང་དུ་ཚུད་དུ་ཆུགས།། 

 

ངེད་ཚང་བཟང་འཛོམས་བྱས་པ་གང་མང་མཐོང་།། 

མི་རེའི་གདོང་ན་འཛུམ་གྱི་མེ་ཏོག་བཞད།། 

མི་རེའི་མདུན་ན་ཟས་སྣ་རི་ལྟར་བཤམས།། 

ཁྱེད་ཚོའི་སྐྱིད་སྣང་ང་ཡི་སྙན་ངག་ཡིན།།  

 

ཨ་མ་ལྷ་ཕྲུག་ལོ་ལོ་ཨེ་སྐྱིད་ཀི། 

བུ་དང་བུ་མོས་གཡས་གཡོན་བསྐོར་བྱས་ནས།། 

ཟས་སྣ་གང་ཞིམ་ཟོས་ན་ཨེ་སྐྱིད་ཀི།། 

དེང་སང་ལུས་བདེ་ཁམས་བདེ་ཡིན་ནམ་ཀྱེ།། 

 

ཚ་བོ་ཚ་མོ་ནམ་མཁའི་སྐར་ཚོགས་བཞིན།། 

ཨ་མ་ཁྱེད་ནི་ཟླ་བའི་དཀྱིལ་འཁོར་ལགས།། 

ཁྱེད་སྐུའི་འཁོར་ན་བཞུགས་པའི་སྲུ་མོ་རྣམས།། 

ཡོད་ཚར་འཁོར་དུ་འཇུག་པའི་ལྷ་མོ་ལགས།།

 

སྤུན་ཁོ་ཚེ་དཔལ་ལོ་ལོ་ང་ལ་ཉོན།། 

སྔོན་མ་ལྟར་ན་ཁྱེད་ལ་ཁོང་ཁྲོ་ཆེ།། 

ཁོང་ཁྲོོས་དེད་པའི་མཐའ་མར་ཞེ་སྡང་བསྐྱེད།། 

ཞེ་སྡང་ངན་པས་རང་གཞན་གཉིས་ཀར་འཚེ།།

 

སྤུན་ཁོ་འཇའ་དཔལ་རྡོ་རྗེ་ཁྱེད་བདེའམ།། 

དེང་སང་ཤོ་རྒྱག་བྱེད་ཀི་ཡོད་དམ་ཀྱེ།། 

མ་གཞི་ཐོབ་ཤོར་གཉིས་ལས་གང་ཡིན་ཡང་།། 

མཐའ་མར་གྱོང་ཞིག་ཡོད་པ་ཁག་ཐག་རེད།། 

 

ངེད་ཀ་ཚང་གི་དམག་མིའི་གཤིས་ཀ་ཅན།། 

སྤུན་ཁོ་མཱ་མཱ་ཚེ་བརྟན་ཁྱེད་བདེའམ།། 

ཉམ་ཆུང་ཚུལ་མཐུན་ངང་ནས་འདུག་མཁས་པ།། 

སྤུན་ཁོ་ཁྱེད་ནི་ཆུང་མའི་སྐྱིད་ཅིག་ཡིན།།

 

སྨྱུག་མ་ཚིགས་དྲུག་ལྟ་བུའི་གཟུགས་མེད་ཅིང་།། 

ནམ་མཁའི་སྐར་ཆེན་ལྟ་བུའི་མིག་མི་ལྡན།། 

འོན་ཀྱང་རང་ལ་བབས་པའི་ཡག་ཉམས་ཅན།། 

སྲིང་མོ་ཚེ་དཔག་འཚོ་ཁྱེད་བདེའམ་ཀྱེ།།

 

སྲུ་མོ་རྣམ་སྲས་ངེད་ཀ་ཚང་གི་རྒྱན།། 

ཤེས་བྱ་ཡོན་ཏན་ཅན་ནི་མོ་ཡིན་ཏེ།། 

སློབ་དཔོན་ཆེན་མོ་ཟེར་ན་མོའང་ཡིན།། 

ཡག་དང་མོ་སྒོ་ཟེར་ན་མོ་ལ་ཡོད།། 

 

སྤུན་ཁོ་སྦྱིན་པར་དཔོན་ཉམས་ཡོད་ཀི་ཟེར།། 

དཔོན་པོ་ཡིན་ཡང་འབངས་ལ་བྱམས་ཀི་ཟེར།། 

གང་ལྟར་རང་གི་རིགས་ནི་རང་གི་འབངས།། 

མི་ཕྱོགས་ཟེར་ཡང་རང་ཕྱོགས་ཟེར་བ་ལྟར།།

 

ཁྱེད་ལ་བསོད་ནམས་ཆེའོ་ཚེ་རིང་མ།། 

ཁྱེད་ནི་ཕྱུག་པོའི་བུ་མོ་འབྱོར་ལྡན་མ།། 

ཁྱེད་ནི་སྤུན་ཁོ་སྦྱིན་པའི་གཅེས་ཕྲུག་མ།། 

ཁྱེད་ནི་ངེད་ཀ་ཚང་གི་སྟོབས་འབྱོར་ཡིན།། 

( འདི་ཚེ་རིང་ལྷ་མོར་བྲིས་ཡིན)

 

སྲུ་མོ་ཡཱང་ཡཱང་ཁྱེད་དང་ངེད་གཉིས་ལ།། 

ཆ་རྒྱུས་དེ་ཙམ་མེད་རྐྱེན་ཁྱོད་ཕྱོགས་སུ།། 

ཀུ་རེ་རྩེ་མཚར་བྱེད་རྒྱུར་སྐྲག་ནི་ཞིག། 

ཁྱེད་ལ་འཚམས་འདྲི་ཁམས་བདེ་ཡང་ཡང་ཞུ།། 

 

དེ་བཞིན་སྤུན་ཁོ་འཇའ་དཔལ་རྡོ་རྗེ་ཡི།། 

ཆུང་མ་ཁྱེད་ལའང་རྒྱུས་མངའ་མེད་པས་ན།།  

རྩེ་ཞོར་དགོད་ཞོར་རྩེ་མཚར་བཤད་ཁག་པོ།། 

འཚམས་འདྲི་བཀྲ་ཤིས་བདེ་ལེགས་མང་མང་ཡོད།། 

 

—- ཐོ་ཐོས། 2020.07.03

bottom of page